Thursday, January 29, 2015

ཞེ་སྡང་ལྟ་བུའི་སྡིག་པ་མེད།
༉ ཧེ་མ་གི་དུས་ཅིག་ན་ གཡུས་དགའ་གླིང་ཟེར་ས་ལུ་ བློན་པོ་ རིག་ལྡན་ཆོས་གྲགས་དང་ བཙུནམོ་ལྷ་མཚམས་ཟེར་ རྒྱུ་ནོར་ སྟོབས་ཤུགས་དང་དབང་ཚད་ གནམ་མེད་ས་མེད་ ཡོད་མི་འདི་ལུ་ བུམོ་མགུ་ཏོསྦུལ་དང་ གཟུགས་མི་འབད་མི་ཅིག་སྐྱེས་ནུག ། དེ་ལས་ བློན་པོ་དང་བཙུནམོ་གཉིས་ཀྱི་ཨ་ལོ་འདི་ མི་གཞན་ ག་ལུ་ཡང་ མ་བཏོན་པར་ དུས་ཨ་རྟག་ར་ གཟིམ་ཅུང་ནང་བཙུགས་བཞག་སྟེ་ ལོ་ལེ་ཤ་ཅིག་ སོང་ཡོདཔ་ལས་ བུམོ་འདི་ ཕྱི་ཁར་ལས་ཕར་ བཤལ་བ་འགྱོ་དགོ་མནོ་ ཕྱིའི་མི་དང་ འབྲེལ་བ་འཐབ་དགོ་མནོ་བའི་ རེ་བ་སྦོམ་ཡོད་རུང་ ཕམ་གཉིས་ཀྱིས་ རྩ་ལས་རང་ ཁྱིམ་གྱི་སྒོ་འགལ་ཏེ་ གཞན་ཁ་ལུ་ འགྱོ་ནི་དང་ ཕྱིའི་མི་དང་ འབྲེལ་བ་འཐབ་ནིའི་ གོ་སྐབས་མ་བྱིན་པ་བཞགཔ་ལས་ བུམོ་འདི་ཡང་ འཇིག་རྟེན་འདི་ནང་ སྐྱེ་བ་ལེན་ཐངས་ལུ་བལྟ་སྟེ་ སྙིང་ཐག་པའི་སྒོ་ནས་ ཞན་པ་ལོག་སྟེ་སྡོད་ནུག །
གནས་སྟངས་འཁྲུལ་བའི་ སྡུག་བསྔལ་མྱོང་སྡོད་པའི་སྐབས་ལུ་ དགའ་གླིང་གི་གཡུས་འདི་ནང་ལུ་ ངོ་མཚར་ཆེ་བའི་ གཞན་དང་མ་འདྲ་བའི་ དྲང་སྲོང་ ཚེ་འདི་ཕྱི་གཉིས་ཀྱི་ ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ མངོན་ཤེས་གཟིགས་ཚུགས་མི་ དྲང་སྲོང་གཞན་དོན་གྲུབ་པ་ཟེར་མི་འདི་ གཡུས་འདི་ནང་ལུ་ གནས་བསྐོར་བྱོན་པའི་སྐབས་ལུ་ བློན་པོ་དང་ བཙུནམོ་གཉིས་ཀྱི་ཐུགས་བསམ་ལུ་ ང་བཅས་གཉིས་ཀྱི་བུམོ་འདི་ཡང་ ཚེ་ཧེ་མ་ ལས་ངན་ག་ཅི་གིས་ རྣམ་སྨིན་ལས་བརྟེན་ ཚེ་ད་ལྟོ་ དེ་བཟུམ་གྱི་ལུས་རྟེན་འདི་ལུ་ སྐྱེ་བ་ལེན་ལེནམ་ཨིན་ན་ཟེར་ མངོན་ཤེས་གཟིགས་བཅུག་ནི་གིས་དོན་ལུ་ དྲང་སྲོང་གཞན་དོན་གྲུབ་པ་འདི་ ཁོང་གཉིས་ཀྱི་གཟིམ་ཅུང་ནང་ལུ་ གདན་འདྲེན་ཞུ་སྟེ་ ཁོང་གཉིས་ཀྱི་བུམོ་འདི་ དྲང་སྲོང་གི་སྐུ་མདུན་ལུ་བསྐྱལ་ནུག །
མངོན་ཤེས་ཅན་གྱི་ དྲང་སྲོང་འདི་གིས་ བུམོ་མགུ་ཏོ་སྦུལ་དང་ གཟུགས་མི་འབད་མི་འདི་མཐོངམ་ཅི་ དྲང་སྲོང་གི་ཕྱག་ མོ་གི་ལག་པ་བཟུང་ཞིནམ་ལས་ ཐད་ཀར་དུ་ མངོན་ཤེས་གཟིགས་འདི་ ཁོང་བཟའ་ཚང་ཚུ་ལུ་ དེ་སྦེ་གསུངས་ནུག །
ཧེ་མ་ གཡུས་དགའ་ལྡན་གྱི་ རྒྱལཔོ་གསེར་རྒྱལ་དང་ བཙུནམོ་ནོར་བུ་ཟེར་མི་འདི་ལུ་ བུམོ་ གནམ་མེད་ས་མེད་ འཇའ་རིསམོ་ གཞན་དང་མ་འདྲཝ་ སྒྲ་འཛིན་ལྷ་མོ་ཟེར་མི་ཅིག་ཡོད་མས་ བུམོ་འདི་ དུས་ཨ་རྟག་ར་ དཀར་པོ་དགེ་བའི་ལཱ་ལུ་ བརྩོན་མི་ཅིག་འབད་སྡོད་ནུག ། དུས་ནམ་ཅིག་གི་ཚེ་ མོ་མཆོད་རྟེན་བསྐོར་ར་རྐྱབ་པ་ འགྱོ་བའི་ལམ་ཁར་ ཤིང་སྦོམ་ཅིག་ ཡོད་མི་འདི་གི་ རྩ་བ་ལྷོདཔ་ད་ ཤིང་གི་གུར་ བྱ་ཨོ་ལ་གི་ ཚང་བཅའ་ཡོདཔ་ལས་ ཨོ་ལ་གིས་ ཨ་ཝ་གཏང་པའི་སྐབས་ལུ་ ཕྲང་ཕྲང་མོ་གི་མགུ་ཏོ་གུ་ཕོགཔ་ད་ མོ་ཞེ་སྡང་མེ་བཟུམ་འབར་ཏེ་ གདོང་གི་བཀྱག་ཡང་འགྱུར་ སྐད་རྐྱབ་སྡོད་པའི་བར་ན་  ཨཔ་ཅིག་དང་ ཨམ་ཅིག་ མཆོད་རྟེན་བསྐོར་བ་འོང་ས་མཐོངམ་ལས་ མོ་གིས་ ཨ་ནི་ཤིང་འདི་ མི་འགྱོ་སའི་ ལམ་ཁར་རྩ་ལས་མི་བཏུབ་པས་ ཤིང་གི་གུ་ ག་ར་ཨོ་ལ་གི་ ཚང་ཨིནམ་ལས་ ཨོ་ལ་ཚུ་གིས་ ཨ་ཝ་གཏང་པའི་སྐབས་ལུ་ ལམ་བདའ་འགྱོ་མི་ཚུ་གི་ གཟུགས་ལུ་ཕོགཔ་ཨིན་མས་ ཨ་ན་བལྟ་ཤིག་ ང་གི་མགུ་ཏོ་གུ་ཡང་ཕོག་ཡི་ཟེར་ ཞེ་སྡང་མེ་བཟུམ་འབར་ཏེ་ ཨཔ་དང་ཨམ་འདི་ལུ་ ཤིང་འདི་ རྩ་བ་ལས་ བཏོག་གཏང་བཅུག་ནུག །

དེ་བསྒང་གི་ ཤིང་བཏོག་མི་ ཨཔ་དང་ཨམ་འདི་ ད་ལྟོ་ བློན་པོ་ཁྱོད་ར་དང་ ཁྱོད་ར་གི་ བཙུནམོ་འདི་ཨིན་མས། དེ་ལས་ དེ་བསྒང་གི་ ཞེ་སྡང་མེ་བཟུམ་འབར་ཏེ་ ཤིང་བཏོག་བཅུག་མི་འདི་ ད་ལྟོ་ ཁྱོད་རང་གཉིས་ཀྱི་བུམོ་འདི་ཨིན་མས། དེ་འབདཝ་ལས་ བུམོ་འདི་ ཧེ་མ་ གནད་དོན་ ཆུང་ཀུ་ཅིག་ལུ་བརྟེན་ ཞེ་སྡང་ལངམ་ལས་ ད་ལྟོ་གི་ མི་ཚེ་ནང་ལུ་ མགུ་སྦུལ་དང་ གཟུགས་མི་འབད་ སྐྱེ་བ་ལེན་དགོ་མི་འདི་ ཞེ་སྡང་ལངས་པའི་རྣམ་སྨིན་ཨིན་མས་ཟེར་གསུངས་ནུག ། དེ་ལས་ བློན་པོ་གིས་ ད་མོ་གིས་ མི་གཞན་དང་ འདྲ་མཉམ་འབད་སྡོད་ཐབས་འདུག་ག་ཟེར་ཞུཝ་ད་་་་་་་ དྲང་སྲོང་གིས་ དུས་ནམ་ར་འབད་རུང་ ཞེ་སྡང་མ་ལངས་པར་སྡོད་པ་ཅིན་ སྐྱེ་བ་འདྲ་མཉམ་འཐོབ་ཟེར་གསུངས་ནུག ། དེ་ལས་ བུམོ་འདི་གིས་ ཞེ་སྡང་ལྟ་བུའི་སྡིག་པ་མེད་ཟེར་མི་འདི་ བདེན་མས་སྨོ་་་་་་་་ ང་གི་མི་ཚེ་ནང་ དགའ་སྐྱིད་ཀྱི་ཉི་མ་ནུབ་སོང་མི་འདི་ ཞེ་སྡང་ལངས་པའི་ འབྲས་བུ་ཨིན་མས་་་་་ ད་་་་ དུས་ནཱ་ལས་ཕར་ སྐྱེ་བ་འདྲ་མཉམ་འཐོབ་ནི་དང་ མི་ཚེ་ནང་ལུ་ དགའ་སྐྱིད་ཀྱི་ ལོངས་སྤྱོད་ཕུན་སུམ་ཚོགས་ནིའི་དོན་དུ་ དུས་ནམ་ཡང་ ཞེ་སྡང་མི་ལངས་དགོ་ཟེར་ དམ་བཅའ་ཕུལ་ནུག །

No comments:

Post a Comment