Friday, January 23, 2015



ངོ་རིས་དང་གཟུགས་གཞི།
གནམ་བྱཱར་གྱི་དུས་ལུ་ སྤང་གཤོང་ག་ར་ སྔོ་ལྗ་གཡུ་ལོ་བཀོད་པའི་ ཞིང་ཁམས་བཟུམ་སྦེ་ ཧོ་ལྡེམ་ལྡེམ་ཡོད་པའི་ཁ་ལུ་ ཆརཔ་ཡང་བདུད་རྩི་བཟུམ་སྦེ་འབབ་སྟེ་ འགྲོ་བ་ག་ར་ སྤྲོ་ཉམས་ཀྱི་དཔལ་ལུ་ལོངས་སྤྱོད། མེ་ཏོག་གི་རིགས་ དཀར་སེར་དམར་ལྗང་ཚུ་ ག་ནི་བ་ལེགསཔ་སྦེ་ཤར་སྟེ་ ལྷ་ཡུལ་བཟུམ་མའི་མཐོང་སྣང་ལུ་གྱུར་རུང་ དགུན་གྱི་དུས་ལུ་  སད་སེར་བ་མོ་ཕྲག་དོག་ལངས་ཏེ་ མཛེས་པའི་སྤང་གཤོང་གི་མདོག་ཡལ་ མེ་ཏོག་དང་རྩི་ཐོག་ག་ར་སྐམ། སྤང་ག་ར་ཐལཝ་གིས་གང་སྟེ་ ག་ཏེ་བལྟ་རུང་ མ་མཛེས་པའི་ཡུལ་ལུ་འགྱུར། ཆུ་ཡང་འཁྱེགས་ཆགས། ཉིན་ཞག་བཅད་དེ་འགྱོ་རུང་ ཧེ་མ་གནམ་བྱཱར་གྱི་དུས་ལུ་མཐོང་མི་ མཛེས་པའི་ཡུལ་དེ་ རྩ་ལས་མཐོང་ནི་མེདཔ་སྦེ་འགྱོཝ་ཨིན།
དེ་བཟུམ་སྦེ་ ང་བཅས་ར་ཆ་ཁྱབ་ཀྱི་ ག་ནི་བ་ལེགས་པའི་ ཙཱ་རི་གནས་ཀྱི་མྱུག་མ་འདྲ་བའི་གཟུགས་འདི་ ནམ་ཅིག་གི་དུས་ལུ་ སྟོབས་ཉམས་ཏེ་ མཛེས་པའི་རྣམ་འགྱུར་བཏོན་ཏེ་ འཁྱུག་འཁྱུག་ལྡེམ་ལྡེམ་སྦེ་འགྱོ་ནི་ ཕར་བཞག་ ལམ་འགྱོ་བའི་ཚེ་ འཁརཝ་ལུ་བརྟེན་དགོཔ་ད་ སྡོད་པའི་ཚེ་ ཕྲང་ཕྲང་སྡོད་མ་ཚུགས་པའི་ཁར་ ལོང་པའི་ཚེ་ཡང་ རང་བཞིན་གྱིས་ ལོང་མ་ཚུགས་པར་ ལགཔ་གཉིས་ཆ་ར་ ས་ཁར་བཙུགས་ཏེ་ རོ་ཁྱི་བཟུམ་བཟོ་སྟེ་ ལོང་དགོ་ནི་ཨིན་མས།
མེ་ཏོག་པད་མ་དང་འདྲ་བའི་ གདོང་གི་དཀྱིལ་འཁོར་འདི་ཡང་ ལེགས་པའི་ཁ་དོག་ཡལ་ཏེ་ གཉེརམ་གིས་གང་ མ་མཛེས་པའི་ཁྲོ་གཉེར་ཅན་ལུ་འགྱུར་ཏེ་ དབང་པོ་སྒོ་ལྔ་ ག་ར་ཉམས་ནི་ཨིནམ་ལས་ མི་རྩ་རྒས་བཟུམ་ལུ་འགྱུར་ཏེ་ གཞན་གྱིས་བརྙས་བཅོས་འབད་དེ་ མེས་མེད་བསྐྱུར་ཏེ་ ཚོད་བལྟ་བ་གིས་མ་ཚད་ མགུ་ཏོག་ཁ་ལས་འཛེགས་ཏེ་འོང་རུང་རང་ ག་ནི་ཡང་འབད་མ་ཚུགསཔ་ལས་གནམ་མེད་ས་མེད་ ཕམ་སྟེ་སྡོད་དགོཔ་འབྱུངམ་ཨིན།
སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་་་་་་་ རིགས་དང་གཟུགས་དང་ཐོས་པ་ལང་འཚོ་དང་། །དབང་ཐང་ཆེ་བའི་རྒྱགས་པ་དགྲ་བཞིན་གཟིགས། ཟེར་གསུངས་དོ་བཟུམ་ གཟུགས་གཞི་ལེགས་ཤོམ་དང་ངོ་རིས་འཇའ་རིསམོ་ལུ་ བརྟེན་པའི་ང་རྒྱལ་ལུ་ གཙོ་བོར་བཏོན་ནི་སྤང་དགོཔ་འདི་གལ་ཆེ།

No comments:

Post a Comment