Friday, January 23, 2015



ཤེས་རིག་ཡོན་ཏན།
ཡོན་ཏན་བལྟ་བའི་མིག་ཏོ། །ཡོན་ཏན་མནོ་བའི་དོན་ཧིང་། །
ཡོན་ཏན་བསམ་དོན་འགྲུབ་པའི་ནོར་བུ་ཨིན། །

༉ མི་རང་སོའི་ལྕོགས་གྲུབ་རབ་འབྲིང་ཐ་གསུམ་ ག་ཅི་རང་ཨིན་རུང་ གཙོ་བོ་ཡོན་ཏན་ལུ་རག་ལསཔ་ཨིན། རང་ལུ་ཡོན་ཏན་ལྷབ་སྦྱང་འབད་དེ་ རིག་པ་ཡར་འཕེལ་འགྱོ་བཅུག་པ་ཅིན་ ཆོས་སྲིད་གཉིས་ཀྱི་བྱ་བ་ག་ཅི་རང་ འབད་རུང་འབད་མ་ཚུགས་པའི་དཔེ་མི་སྲིད། དེ་བཟུམ་སྦེ་ ལྕོགས་གྲུབ་དང་ལྡནམ་བཟོ་ནིའི་དོན་ལུ་ དུས་ཡུན་ཐུང་ཀུ་ཅིག་ཡང་མ་ཆད་པར་ ཤེས་བྱའི་ཡོན་ཏན་ལུ་བརྩོན་པ་ཅིན་ མིའི་སྦུག་ལུ་བཟང་ལམ་ལམ་དང་ དཔའ་ཉམས་བསྐྱེད་ཚུགས་པའི་ནུས་པ་ཐོབ་ཚུགསཔ་ཨིན། དེ་འབདཝ་ལསཡོན་ཏན་ལུ་བརྩོན་དགོཔ་འདི་་གལ་ཆེ་ཤོས་ཅིག་ཨིན།

ཡོན་ཏན་དང་ལྡན་པའི་མི་འདི་ རིགས་རྒྱུད་བཟང་དྲག་དང་ རྒྱུ་ནོར་ལོངས་སྤྱོད་ མེད་རུང་བཏུབ་ཨིན། དེ་ཡང་ཨ་མའི་བུ་ལ་ཡོན་ཏན་ཡོདན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཟེར་སླབ་དོ་བཟུམ་ རྟག་པ་དང་སྙིང་པོ་ ག་ནི་ཡང་མེད་པའི་རྒྱུ་ནོར་ལོངས་སྤྱོད་དང་ རིགས་མཐོ་དྲག་ གོ་གནས་སྦོམ་མེད་རུང་ ཚེ་འདི་ཕྱི་གཉིས་ལུ་ ཕན་པའི་ཡོན་ཏན་ཡོད་པ་ཅིན་ གོ་ས་མཐོ་བའི་ དཔོན་ དམ་པའི་ཚུལ་དགུ་དང་ལྡན་པའི་བླམ་ སྐྱེས་བུ་དམ་པ་ལ་སོགས་པའི་ཁྲི་ཚུ་ ངེ་གི་ཨིན་ ང་ཐོབ་ཟེར་ བདག་ཏུ་བཟུང་སྟེ་མེད་པར་ རང་གི་ལྕོགས་གྲུབ་དང་བསྟུན་ཏེ་ སྡོད་ཚུགས་པའི་དབང་ཚད་ཐོབ་ཚུགསཔ་ཨིན།  རྒྱུ་ནོར་ལོངས་སྤྱོད་འདི་གིས་ འཕྲལ་གྱི་བདེ་བ་ཆུང་ཀུ་རྐྱངམ་ཅིག་ སེལ་ཚུགསཔ་མ་གཏོགས་ ཕུགས་ལུ་སྡུག་བསྔལ་དང་ཕུང་ལུ་འགྱུར་བའི་གཞི་ངོ་མ་ཅིག་ཨིན། དེ་འབདཝ་ལས་ རྒྱུ་ནོར་ལོངས་སྤྱོད་ལུ་ཆགས་པ་དང་ཞེན་པ་ཤུགས་མ་ཆེ་བར ཡོན་ཏན་ལུ་ བརྩོན་དགོཔ་འདི་ཧ་ཅང་གིས་གལ་ཆེ།
རང་ལུ་དགོ་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་བཟུང་། །
གྲོག་མཁར་དང་ནི་སྦྲང་རྩི་ལྟར། །རིང་པོར་མི་ཐོགས་མཁས་པར་འགྱུར། །

No comments:

Post a Comment