Friday, January 23, 2015



གཞུང་གཡོགཔོ་གཞན་ལས་སློབ་དཔོན་ཁྱད་དུ་འཕགས།

སྤྱིར་བཏང་གི་རྒྱལ་ཁབ་ལུ་ཕྱག་ཞུ་མི་ གཞུང་གཡོགཔོ་ལེ་ཤ་དགོཔ་ཁག་ཆེ་བའི་ཁར་ ཕྱག་ཞུ་མི་ཡང་མང་རབས་ཅིག་ཡོད། དེ་ཡང་ རྩ་བ་གསུམ་ལུ་ཤ་ཚ་སྟེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཕྱིད་ཞུ་མི་འདི་ག་ནི་བ་དཀོནམ་ཨིན། ལ་ལོ་གིས་སྙན་གྲགས་ཀྱི་དོན་ལུ་ རང་རྐྱངམ་ཅིག་ མི་གི་གྱལ་ཁར་ཚུདཔ་བཟོ་ནི་ལུ་རྩ་འགེངསམ་ཨིན། དེ་འབདཝ་ལས་ རྒྱལ་ཁབ་འདི་ནང་ཞི་བདེ་བཟོ་ཐབས་ལུ་ མི་རྒྱུད་བཟང་པོ་དགོ་པ་ཅིན་ སློབ་དཔོན་བས་ལྷགཔ་ག་ཡང་མིན་འདུག དེ་ལས་བརྟེན་ རང་ལེགས་ཤོམ་བཟོ་ནི་དང་བདེ་བ་འཐོབ་དགོ་མནོ་བ་ཅིན་ མི་ཚེ་འདི་ནང་ལུ་སློབ་དཔོན་ཉག་ཅིག་གིས་བཟོཝ་མ་གཏོགས་ གཞན་མེདཔ་ལས་ ཁྱད་དུ་འཕགས་པ་ཅིག་ཨིན།


འཛམ་གླི་ནང་མི་ལྕོགས་གྲུབ་ཅན་ག་ར་ སློབ་དཔོན་ལུ་བརྟེན་ཏེ་འབྱུངམ་ཨིན། དེ་ཡང་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ཕ་བླ་མ་མེད་པའི་གོང་རོལ་ནང་།། བུ་སངས་རྒྱས་བྱ་ཡི་མིང་ཡང་མེད།། བསྐལ་པ་སྟོང་གི་སངས་རྒྱས་དག། བླ་མ་དག་ལ་བསྟེན་ནས་འབྱུང་།། ཟེར་གསུངས་དོ་བཟུམ་སྦེ་ སངས་རྒྱས་ཡང་ སློབ་དཔོན་བསྟེན་ཏེ་སངས་རྒྱས་རྒྱསཔ་ར་ཨིན། འཛམ་གླིང་ནང་ མི་ཡོངས་གྲགས་ཅན་ཚུ་ག་ར་སློབ་དཔོན་ལུ་བརྟེན་ཏེའབྱུང་འབྱུངམ་ཨིན། དེ་མ་ཚད་ ཚན་རིག་མཁས་པ་དང་དྲུང་འཚོ་ཚུ་ཡང སློབ་དཔོན་མེད་པ་ཅིན་མཁསཔ་འབྱུང་མི་སྲིད། སློབ་དཔོན་འདི་གཞུང་གཡོགཔོ་ཚུ་གི་རྒྱབ་རྟེན་བཟུམ་ཅིག་ཨིན། གོངམ་དཔོན་ལས་འགོ་བཟུང་ འོགམ་ཡིག་ཚང་ནང་ཕྱག་ལཱ་མཛད་མི་ཚུ་ སློབ་དཔོན་ལས་བརྟེན་ཏེ་འབྱུང་ནི་འདི་གིས་ཀརྨ་འཆང་མེད་ཀྱིས་ ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་འགྱུར།། ཟེར་གསུངས་བཞག་ནུག འདི་འབད་ནི་འདི་གིས ང་བཅས་མཁསཔ་འགྱོ་ནིའི་དོན་ལུ་སློབ་དཔོན་འདི་མེད་ཐབས་མེདཔ་ཅིག་ཨིན།དེ་དང་ཅིག་ཁར་སློབ་དཔོན་འདི་ཡོན་ཏན་ཀུན་གྱི་གཞི་རྟེན་ཅིག་ཨིན་ལས་རྒྱལ་སྲས་ཞི་བ་ལྷས་ ཡོན་ཏན་གྱི་ཞིང་བླམ་དང་སློབ་དཔོན་ཨིན་ཟེར་གསུངས་ནུག
རབ་དཀར་རི་བོང་འཛིན་གྱིས། །མཚན་མོའི་མུན་པ་སེལ་བཞིན། །སློབ་ཕྲུག་ཀུན་གྱི་མུན་པ། །སློབ་དཔོན་ཚུ་གིས་སེལཝ་ཨིན། ། ཟེར་བའི་རང་རྩོམ་དང་ཅིག་ཁར་ ངེའི་སྙིང་གི་བློ་གཏད་ ཆ་རོགས་ཕོ་མོ་ཚུ་གིས་ སྙིང་ཐག་པའི་སྒོ་ལས་ སློབ་དཔོན་ལུ་གུས་ཞབས་དང་ བརྩི་བཀུར་ཐུགས་ལས་ཡལ་མ་སོང་པར་ དུས་རྟག་ཏུ་ཧིང་གི་གཏིང་ལུ་མདུད་ཕུད་བཏབ་སྟེ་ ཐུགས་ལུ་བསྣམས་ཟེར་ཞུ་ནི་ཨིན།

No comments:

Post a Comment